Degé Kangyur volume 31, F.85.b

དཔའ་ཆེན་པོ་ལུས་མི་དམིགས། ངག་དང་ཡིད་མི་དམིགས་ཤིང་། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་ནས་གནས་ལ། ནམ་ཡང་ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་མི་སྐྱེད་ཅིང་། སེམས་ཅན་ཐམས་ཅད་ལ་ཡང་རྟག་པ་ཁོ་ནར་སྙིང་རྗེ་ཆེན་པོ་སྐྱེད་པར་བྱེད་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་གནས་ངན་ལེན་ཡོངས་སུ་དག་པར་སྨྲའོ། །​དེ་བཞིན་དུ་ངག་དང་ཡིད་ཀྱི་གནས་ངན་ལེན་ཡོངས་སུ་དག་པར་སྨྲའོ། །​ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་ཀྱི་ལམ་སྦྱོང་བར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཡང་འཇུག་པ་ཡིན་ནོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་སྐྱོན་མེད་པའི་ལེའུ་ཞེས་བྱ་སྟེ་བརྒྱད་པའོ། །​དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་གནས་ན་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་ཅིང་། ཉི་ཚེ་བའི་ཐེག་པས་ངེས་པར་འབྱུང་བར་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཤ་ར་དྭ་ཏིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཉི་ཚེ་བའི་སེམས་ཅན་རྣམས་ཀྱི་ཆེད་དུ་སྦྱིན་པ་སྦྱིན་པར་མི་བྱེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཉི་ཚེ་བའི་སེམས་ཅན་རྣམས་ཀྱི་ཆེད་དུ་ཚུལ་ཁྲིམས་མི་སྲུང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དེ་བཞིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཉི་ཚེ་བའི་སེམས་ཅན་རྣམས་ཀྱི་ཆེད་དུ་ཤེས་རབ་མི་སྒོམ་གྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྦྱིན་པ་སྦྱིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-4917#UT22084-031-002-4917