Degé Kangyur volume 31, F.89.a

སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་རབ་མཆོག་ཡིན་ནོ། །​གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དེ་དག་ཉིད་ཚད་མེད་པའི་རྣམ་པ་དང་། རྟགས་དང་མཚན་མ་དག་གིས་སྙོམས་པར་འཇུག་ཅིང་ལྡང་བ་དེ་དག་སྙོམས་པར་འཇུག་ཅིང་ལྡང་བ་ན། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་འདི་ཡང་། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །​གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་ཉོན་མོངས་པ་སྤང་བའི་ཕྱིར་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གཞན་དག་ལ་ཚུལ་བཞིན་དུ་རྗོད་ཅིང་སྟོན་ཏེ། རབ་ཏུ་འཆད་ལ་རྣམ་པར་འབྱེད་དེ། གསལ་བར་བྱེད་ཅིང་། དེ་དག་གི་རོ་མྱོང་བའི་ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པ་དེ་དག་གིས་བསམ་གཏན་དང་པོ་དེ་དང་། བསམ་གཏན་བཞི་པའི་བར་དུ་གནོན་ཅིང་སྒོམ་སྟེ། བསམ་གཏན་དེ་དག་ལ་གནས་ཤིང་སེམས་བསྐྱེད་པ་གཞན་འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དག་གི་སྐབས་མི་འབྱེད་པ་འདི་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནག་ནོག་མེད་པའོ། །​ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དེ་དག་དང་མ་བྲལ་བར་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་སྤང་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཆོས་བསྟན་པར་བྱའོ་སྙམ་ནས། དེ་ཡིད་ལ་བྱེད་པ་དེ་དག་ལ་བཟོད་པ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-4924#UT22084-031-002-4924