Degé Kangyur volume 31, F.53.b

མ་རིག་པ་མ་ཞི་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤིའི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བགྱིའོ། །​བཙུན་པ་བཅོམ་ལྡན་འདས་མ་རིག་པ་དབེན་ཞེས་བགྱི་བ་གཏན་མི་དམིགས་ལགས་ན། མ་རིག་པ་མི་དབེན་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤིའི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བགྱིའོ། །​བཙུན་པ་བཅོམ་ལྡན་འདས་མ་རིག་པ་ཀུན་ནས་ཉོན་མོངས་ཞེས་བགྱི་བ་གཏན་མི་དམིགས་ལགས་ན། མ་རིག་པ་རྣམ་པར་བྱང་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤིའི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བགྱིའོ། །​བཙུན་པ་བཅོམ་ལྡན་འདས་མ་རིག་པ་སྐྱེ་ཞེས་བགྱི་བ་གཏན་མི་དམིགས་ལགས་ན། མ་རིག་པ་འགག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤིའི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བགྱིའོ། །​བཙུན་པ་བཅོམ་ལྡན་འདས་མ་རིག་པ་དངོས་པོ་མཆིས་ཞེས་བགྱི་བ་གཏན་མི་དམིགས་ལགས་ན། མ་རིག་པ་དངོས་པོ་མ་མཆིས་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤིའི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བགྱི་སྟེ། ཕུང་པོའི་སྐབས་སུ་ཇི་སྐད་བསྟན་པ་བཞིན་དུ་ཐམས་ཅད་རྒྱ་ཆེར་སྦྱར་བར་བགྱིའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས། གཟུགས་ཀྱི་ཚིག་བླ་དགས་མི་དམིགས། དེ་བཞིན་དུ་སྦྱར་ཏེ། གཟུགས་དངོས་པོ་མེད་པའི་བར་གྱི་ཚིག་བླ་དགས་མི་དམིགས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཚིག་བླ་དགས་མི་དམིགས་པ་ནས་དེ་བཞིན་དུ་སྦྱར་ཏེ། རྣམ་པར་ཤེས་པའི་དངོས་པོ་མེད་པའི་བར་གྱི་ཚིག་བླ་དགས་མི་དམིགས། དེ་བཞིན་དུ་སྦྱར་ཏེ། མ་རིག་པའི་བར་གྱི་ཚིག་བླ་དགས་མི་དམིགས་ཤིང་། རྒ་ཤིའི་བར་གྱི་ཚིག་བླ་དགས་མི་དམིགས་པ་ནས། དངོས་པོ་མེད་པའི་བར་གྱི་ཚིག་བླ་དགས་མི་དམིགས་པར་ཕུང་པོའི་སྐབས་སུ་ཇི་སྐད་བསྟན་པ་དེ་བཞིན་དུ་སྦྱར་བར་བྱ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-4853#UT22084-031-002-4853