Degé Kangyur volume 31, F.41.b

ཡིན་ཞིང་། དེ་བཞིན་དུ་སྦྱར་ཏེ། རྒ་ཤིའི་བར་གྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན་ལ། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན་ཏེ། དེ་བཞིན་དུ་སྦྱར་ཏེ། རྒ་ཤིའི་བར་གྱི་དེ་བཞིན་ཉིད་ལས་བྱང་ཆུབ་སེམས་དཔའ་གཞན་མ་ཡིན་ཞེས་ཟེར། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བཅོམ་ལྡན་འདས་སེམས་ཅན་གཏན་མ་མཆིས་པ་མི་དམིགས་ན། དེ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ལས་བྱང་ཆུབ་སེམས་དཔའ་གཞན་དུ་འགྱུར་བ་ལྟ་ག་ལ་མཆིས། དེ་བཞིན་དུ་སྦྱར་ཏེ། རྒ་ཤིའི་བར་དུ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤི་ལས་བྱང་ཆུབ་སེམས་དཔའ་གཞན་དུ་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་དེ་བཞིན་ཉིད་ལས་བྱང་ཆུབ་སེམས་དཔའ་གཞན་དུ་འགྱུར་བ་ལྟ་ག་ལ་མཆིས། དེ་བཞིན་དུ་སྦྱར་ཏེ། རྒ་ཤིའི་བར་གྱི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤིའི་བར་གྱི་དེ་བཞིན་ཉིད་ལས་བྱང་ཆུབ་སེམས་དཔའ་གཞན་དུ་འགྱུར་བ་ལྟ་ག་ལ་མཆིས་ཏེ། དེ་དག་ནི་གནས་མ་མཆིས་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་མི་དམིགས་པའི་ཕྱིར། མི་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གཟུགས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །​ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །​ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གཟུགས་རྟག་པའམ། མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་ཡིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-4829#UT22084-031-002-4829