Degé Kangyur volume 31, F.37.b

མཐོང་ངོ་། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའམ། མི་བརྩོན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་བརྩོན་པའམ། མི་བརྩོན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུའི་བར་ལ་བརྩོན་པའམ། མི་བརྩོན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་བརྩོན་པའམ། མི་བརྩོན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བརྩོན་པའམ། མི་བརྩོན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ནི། བརྩོན་ཞེས་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བ་ཡིན་ནོ། །​དེ་ཇི་ལྟ་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། མཚན་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །​དེ་ཇི་ལྟ་ཇི་ལྟར་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། མཚན་ཡོངས་སུ་དག་པ་ཐོབ་པ་དེ་ལྟ་དེ་ལྟར་འདོད་ཆགས་དང་ལྡན་པའི་སེམས་མི་སྐྱེད་དོ། །​དེ་བཞིན་དུ་ཞེ་སྡང་དང་ལྡན་པ་དང་། གཏི་མུག་དང་ལྡན་པའི་སེམས་མི་སྐྱེད་དོ། །​ང་རྒྱལ་དང་ལྡན་པ་དང་། གཡོ་དང་སྒྱུ་དང་ལྡན་པ་དང་། ཆགས་པ་དང་ལྡན་པ་དང་། སེར་སྣ་དང་། ཕྲག་དོག་དང་ལྡན་པ་དང་། ལྟ་བ་ཐམས་ཅད་དང་ལྡན་པའི་སེམས་མི་སྐྱེད་དོ། །​དེས་འདོད་ཆགས་ཀྱི་སེམས་མ་བསྐྱེད་ཅིང་། དེ་བཞིན་དུ་ལྟ་བ་ཐམས་ཅད་དང་ལྡན་པའི་བར་གྱི་སེམས་མ་བསྐྱེད་པས་ན་མ་ཡང་མའི་མངལ་དུ་མི་སྐྱེ་སྟེ། རྟག་ཏུ་རྫུས་ཏེ་སྐྱེ་བར་འགྱུར་རོ། །​སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-4821#UT22084-031-002-4821