Degé Kangyur volume 31, F.37.a

རྣ་བའི་ཁམས་མེད་དོ། །​སྒྲའི་ཁམས་མེད་དོ། །​རྣ་བའི་རྣམ་པར་ཤེས་པའི་ཁམས་མེད་དོ། །​སྣའི་ཁམས་མེད་དོ། །​དྲིའི་ཁམས་མེད་དོ། །​སྣའི་རྣམ་པར་ཤེས་པའི་ཁམས་མེད་དོ། །​ལྕེའི་ཁམས་མེད་དོ། །​རོའི་ཁམས་མེད་དོ། །​ལྕེའི་རྣམ་པར་ཤེས་པའི་ཁམས་མེད་དོ། །​ལུས་ཀྱི་ཁམས་མེད་དོ། །​རེག་པའི་ཁམས་མེད་དོ། །​ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མེད་དོ། །​ཡིད་ཀྱི་ཁམས་མེད་དོ། །​ཆོས་ཀྱི་ཁམས་མེད་དོ། །​ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མེད་དོ། །​དེ་ལ་ནི་སྡུག་བསྔལ་མེད་དོ། །​ཀུན་འབྱུང་བ་མེད་དོ། །​འགོག་པ་མེད་དོ། །ལམ་མེད་དོ། །​དེ་ལ་ནི་མ་རིག་པ་མེད་དོ། །​མ་རིག་པ་འགག་པ་མེད་དོ། །​འདུ་བྱེད་རྣམས་མེད་དོ། །​འདུ་བྱེད་འགག་པ་མེད་དོ། །​རྣམ་པར་ཤེས་པ་མེད་དོ། །​རྣམ་པར་ཤེས་པ་འགག་པ་མེད་དོ། །​མིང་དང་གཟུགས་མེད་དོ། །​མིང་དང་གཟུགས་འགག་པ་མེད་དོ། །​སྐྱེ་མཆེད་དྲུག་མེད་དོ། །​སྐྱེ་མཆེད་དྲུག་འགག་པ་མེད་དོ། །​རེག་པ་མེད་དོ། །​རེག་པ་འགག་པ་མེད་དོ། །​ཚོར་བ་མེད་དོ། །​ཚོར་བ་འགག་པ་མེད་དོ། །​སྲེད་པ་མེད་དོ། །​སྲེད་པ་འགག་པ་མེད་དོ། །​ལེན་པ་མེད་དོ། །​ལེན་པ་འགག་པ་མེད་དོ། །​སྲིད་པ་མེད་དོ། །​སྲིད་པ་འགག་པ་མེད་དོ། །སྐྱེ་བ་མེད་དོ། །​སྐྱེ་བ་འགག་པ་མེད་དོ། །​དེ་ལ་ནི་རྒ་ཤི་མེད་དོ། །​རྒ་ཤི་འགག་པ་མེད་དོ། །​དེ་ལ་ནི་འཐོབ་པ་མེད་དོ། །​མངོན་པར་རྟོགས་པ་མེད་དོ། །​དེ་ལ་ནི་རྒྱུན་དུ་ཞུགས་པ་མེད་དོ། །​རྒྱུན་དུ་ཞུགས་པའི་འབྲས་བུ་མེད་དོ། །​ལན་ཅིག་ཕྱིར་འོང་བ་མེད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་མེད་དོ། །​ཕྱིར་མི་འོང་བ་མེད་དོ། །​ཕྱིར་མི་འོང་བའི་འབྲས་བུ་མེད་དོ། །​དགྲ་བཅོམ་པ་མེད་དོ། །​དགྲ་བཅོམ་པའི་འབྲས་བུ་མེད་དོ། །​རང་བྱང་ཆུབ་མེད་དོ། །​རང་སངས་རྒྱས་མེད་དོ། །​དེ་ལ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་མེད་དོ། །​ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་དོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བརྩོན་པ་ཞེས་བྱའོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའམ། མི་བརྩོན་པར་ཡང་དག་པར་རྗེས་སུ་མི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-4820#UT22084-031-002-4820