Degé Kangyur volume 31, F.22.a

དབང་པོ་ལྔ་ཞེས་བྱ་བ་གང་དག་ཡིན་པ་དེ་དག་ནི་འདི་ལྟ་སྟེ། ཆོས་སུ་བཏགས་པ་ཙམ་དུ་ཟད་དོ། །​ཆོས་སུ་བཏགས་པ་དེ་ལ་ནི་སྐྱེ་བ་མེད་འགག་པ་མེད་དེ། མིང་གི་བརྡས་ཐ་སྙད་དུ་འདོགས་པ་ཁོ་ནར་ཟད་ལ། དབང་པོ་ལྔའི་མིང་དེ་དག་ཀྱང་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉི་གའི་བར་ན་ཡང་མི་གནས་སོ། །​ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། སྟོབས་ལྔ་ཞེས་བྱ་བ་གང་དག་ཡིན་པ་དེ་དག་ནི་འདི་ལྟ་སྟེ། ཆོས་སུ་བཏགས་པ་ཙམ་དུ་ཟད་དོ། །​ཆོས་སུ་བཏགས་པ་དེ་ལ་ནི་སྐྱེ་བ་མེད་འགག་པ་མེད་དེ། མིང་གི་བརྡས་ཐ་སྙད་དུ་འདོགས་པ་ཁོ་ནར་ཟད་ལ། སྟོབས་ཀྱི་མིང་དེ་དག་ཀྱང་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉི་གའི་བར་ན་ཡང་མི་གནས་སོ། །​ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ་བ་གང་དག་ཡིན་པ་དེ་དག་ནི་འདི་ལྟ་སྟེ། ཆོས་སུ་བཏགས་པ་ཙམ་དུ་ཟད་དོ། །​ཆོས་སུ་བཏགས་པ་དེ་ལ་ནི་སྐྱེ་བ་མེད་འགག་པ་མེད་དེ། མིང་གི་བརྡས་ཐ་སྙད་དུ་འདོགས་པ་ཁོ་ནར་ཟད་ལ། བྱང་ཆུབ་ཀྱི་ཡན་ལག་གི་མིང་དེ་དག་ཀྱང་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉི་གའི་བར་ན་ཡང་མི་གནས་སོ། །​ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་གང་དག་ཡིན་པ་དེ་དག་ནི་འདི་ལྟ་སྟེ། ཆོས་སུ་བཏགས་པ་ཙམ་དུ་ཟད་དོ། །​ཆོས་སུ་བཏགས་པ་དེ་ལ་ནི་སྐྱེ་བ་མེད་འགག་པ་མེད་དེ། མིང་གི་བརྡས་ཐ་སྙད་དུ་འདོགས་པ་ཁོ་ནར་ཟད་ལ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མིང་དེ་ཡང་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉི་གའི་བར་ན་ཡང་མི་གནས་སོ། །​ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ཞེས་བྱ་བ་གང་དག་ཡིན་པ་དེ་དག་ནི་འདི་ལྟ་སྟེ། ཆོས་སུ་བཏགས་པ་ཙམ་དུ་ཟད་དོ། །​ཆོས་སུ་བཏགས་པ་དེ་ལ་ནི་སྐྱེ་བ་མེད་འགག་པ་མེད་དེ། མིང་གི་བརྡས་ཐ་སྙད་དུ་འདོགས་པ་ཁོ་ནར་ཟད་ལ། རྣམ་པར་ཐར་པའི་མིང་དེ་དག་ཀྱང་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉི་གའི་བར་ན་ཡང་མི་གནས་སོ། །​ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། བསམ་གཏན་བཞི་ཞེས་བྱ་བ་གང་དག་ཡིན་པ་དེ་དག་ནི་འདི་ལྟ་སྟེ། ཆོས་སུ་བཏགས་པ་ཙམ་དུ་ཟད་དོ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-4790#UT22084-031-002-4790