Degé Kangyur volume 1, F.28.b

གནས་དེ་ནི་ཚངས་པའོ། །​དེ་གཉིས་ཀྱིས་སྨྲས་པ། མཁན་པོ་སྨྲས་པ་དེའི་དོན་ཅི་ལགས། བདེན་པ་ཞེས་བྱ་བ་ནི་བདེན་པའི་བསམ་པས་རབ་ཏུ་འབྱུང་བའོ། །​མི་འཚེ་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་འཚེ་བའི་གཞི་ལས་བྱུང་བའོ། །​ཞི་བ་དང་། རྒ་བ་མེད་པ་དང་། འཆི་བ་མེད་པ་དང་། ཉམས་པ་མེད་པའི་གནས་ཞེས་བྱ་བ་དེ་དག་ནི་མྱ་ངན་ལས་འདས་པའི་རྣམ་གྲངས་ཀྱི་ཚིག་དག་ཡིན་ནོ། །​དེ་ནི་ཚངས་པའོ་ཞེས་བྱ་བ་ནི་གལ་ཏེ་རེ་ཞིག་ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་ན་དེ་ལྟ་ན་ལེགས། གལ་ཏེ་སྒྲུབ་པར་མི་བྱེད་ན་ཡང་ཚངས་པའི་འཇིག་རྟེན་དུ་ཉེ་བར་འགྲོ་བར་འགྱུར་ཏེ། དེ་ལྟ་ན་ཡང་བྲམ་ཟེ་དག་ནི་ཚངས་པའི་འཇིག་རྟེན་དུ་གཞོལ་བ་དང་། ཚངས་པའི་འཇིག་རྟེན་དུ་འབབ་པ་དང་། ཚངས་པའི་འཇིག་རྟེན་དུ་བབ་པ་ཡིན་ནོ། །​ཚངས་པའི་འཇིག་རྟེན་ཡང་དེ་ལྟ་བུ་ཡིན་ཞིང་། ཚངས་པའི་འཇིག་རྟེན་ཡང་དེ་འདྲ་བ་ཡིན་ཏེ། ཚངས་པའི་འཇིག་རྟེན་དང་སྐལ་བ་མཉམ་པར་སྒྲུབ་པ་ནི་མྱ་ངན་ལས་འདས་པ་ལ་གཞོལ་བ་ཡིན་ནོ། །​མཁན་པོ་བདག་ཅག་རབ་ཏུ་འབྱུང་བར་གནང་ན་བདག་ཅག་མཁན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །དེས་དེ་གཉིས་རབ་ཏུ་ཕྱུང་ངོ་། །​གང་གི་ཚེ་སྟོན་པ་ཡང་དག་རྒྱལ་བ་ཅན་གྱིས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་རབ་ཏུ་ཕྱུང་བ་དེའི་ཚེ་ན་ཐམས་ཅད་དུ་སྟོན་པ་ཡང་དག་རྒྱལ་བ་ཅན་གྱིས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་རབ་ཏུ་ཕྱུང་ངོ་ཞེས་སྒྲ་གྲགས་ཤིང་དེ་ལ་རྙེད་པ་དང་བཀུར་སྟི་མང་པོ་བྱུང་བར་གྱུར་ཏོ། །​དེས་བསམས་པ། སྔོན་ཡང་བདག་ཤཎ་ཌི་ལའི་རིགས་ཡིན་ལ་ད་ལྟར་ཡང་བདག་ཤཎ་ཌི་ལའི་རིགས་ཡིན་ན་ད་ལྟར་བདག་ལ་རྙེད་པ་དང་བཀུར་སྟི་མང་པོ་བྱུང་བར་གྱུར་པའི་སྦྱོར་བ་གང་ཡིན་སྙམ་མོ། །​དེས་བསམས་པ། འདི་ནི་བདག་གི་མཐུ་མ་ཡིན་ཏེ། འདི་ལྟར་བྲམ་ཟེའི་ཁྱེའུ་འདི་གཉིས་ཀྱི་མཐུ་ཡིན་ནོ་སྙམ་ནས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེའི་གསང་ཚིག་དག་ཀློག་ཏུ་འཇུད་པ་ན་དེས་གཅིག་ལ་ཉིས་བརྒྱ་ལྔ་བཅུ་གཏད་ཅིང་ཅིག་ཤོས་ལ་ཡང་ཉིས་བརྒྱ་ལྔ་བཅུ་གཏད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29095#UT22084-001-001-29095