Degé Kangyur volume 1, F.13.b

ཀྱིས་སྨྲས་པ། བླུན་པོ་ཁྱོད་ཅི་ཤེས་ཞེས་དེ་གཉིས་ཀྱིས་དེའི་ཚིག་ཚིག་མ་ཡིན་པར་བྱས་ཏེ་ཤཱ་རི་ཀཱ་བྲམ་ཟེ་སྐར་རྒྱལ་ལ་ཆུང་མའི་དོན་དུ་བྱིན་ནོ། །​དེས་དེ་དཔལ་གྱི་འབྱོར་པ་ཆེན་པོས་བག་མར་བླངས་སོ། །​བྲམ་ཟེའི་ཁྱེའུ་སྟོད་རིངས་ཀྱིས་བསམས་པ། འདི་དག་གིས་བདག་བརྙས་པར་གྱུར་པ་གང་ཡིན་པ་དེ་ཐམས་ཅད་ནི་ཐོས་པ་ཉུང་བ་ལས་གྱུར་པ་ཡིན་ནོ་སྙམ་ནས་འདི་ལྟར་བྲམ་ཟེ་སྐར་རྒྱལ་ཅི་ཞིག་ཤེས་སྙམ་ན། འཇིག་རྟེན་རྒྱང་འཕེན་ཤེས་སོ་སྙམ་ནས་དེས་སྨྲས་པ། ཤེས་ལྡན་དག་འཇིག་རྟེན་རྒྱང་འཕེན་ཤེས་པ་ག་ལ་ཡོད། ལྷོ་ཕྱོགས་ནའོ། །​དེ་འཇིག་རྟེན་རྒྱང་འཕེན་གྱི་དོན་དུ་ལྷོ་ཕྱོགས་སུ་འཕགས་ནས་དེ་མཐར་གྱིས་ལྷོ་ཕྱོགས་སུ་ཕྱིན་པ་དང་། དེ་དེར་སོང་སྟེ་དྲིས་པ། ཤེས་ལྡན་དག་འཇིག་རྟེན་རྒྱང་འཕེན་ཤེས་པ་སུ་དག་ཡིན། ཀུན་དུ་རྒྱུ་དག་གོ། །​དེ་དེ་དག་གི་གན་དུ་སོང་སྟེ་ཕྱིན་ནས་སྨྲས་པ། བདག་ཤེས་ལྡན་དག་གི་ཞབས་ལ་སྲི་ཞུ་བགྱིད་པར་འཚལ་ལོ། །​ཅི་ཞིག་གི་ཕྱིར། འཇིག་རྟེན་རྒྱང་འཕེན་གཟུང་བའི་སླད་དུའོ། །​དེ་དག་གིས་སྨྲས་པ། ཁོ་བོ་ཅག་ནི་ཁྱིམ་པ་ལ་འཇིག་རྟེན་རྒྱང་འཕེན་མི་སྟོན་ཏོ། །​དེས་སྨྲས་པ། གལ་ཏེ་དེ་ལྟ་ན་རབ་ཏུ་འབྱུང་ངོ་། །​དེ་དག་གིས་དེ་རབ་ཏུ་ཕྱུང་ནས་དེས་བདག་གིས་ཇི་སྲིད་དུ་འཇིག་རྟེན་རྒྱང་འཕེན་མ་བཟུང་བ་དེ་སྲིད་དུ་བདག་གིས་སེན་མོ་མི་གཅད་དོ་ཞེས་དེས་སེན་མོ་རིང་པོ་རིང་པོར་བཞག་ནས་དེའི་སེན་མོ་རིང་བ་རིང་བར་གྱུར་པས་དེའི་མིང་ཀུན་དུ་རྒྱུ་སེན་རིངས་ཀུན་དུ་རྒྱུ་སེན་རིངས་ཞེས་བྱ་བར་གྱུར་ཏོ། །​ཤཱ་རི་ཀཱ་ཡང་བྲམ་ཟེ་སྐར་རྒྱལ་དང་ལྷན་ཅིག་འགྱེད་པར་བྱེད་པ་ན་སྐར་རྒྱལ་གྱིས་དེ་ཚར་བཅད་དོ། །​བྲམ་ཟེ་སྐར་རྒྱལ་ཤཱ་རི་ཀཱ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་སེམས་ཅན་སྲིད་པ་ཐ་མ་པ་སྤྱོད་པ་ཚོལ་བ། ཐར་པའི་སྙིང་པོ་བཟུང་བ། མྱ་ངན་ལས་འདས་པ་ལ་ཕྱོགས་པ། འཁོར་བ་ལས་ཕྱིར་ཕྱོགས་པ། སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་སྐྱེ་བ་དོན་དུ་མི་གཉེར་བ། ལུས་ཐ་མ་འཛིན་པ་ཞིག་ཀྱང་ལྷའི་རིས་བཟང་པོ་ཞིག་ནས་ཤི་འཕོས་ཏེ་ཤཱ་རི་ཀཱའི་མངལ་དུ་ཞུགས་སོ། །​ཤཱ་རི་ཀཱས་རྨི་ལམ་དུ་མི་ལག་ན་སྒྲོན་མ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29065#UT22084-001-001-29065