Degé Kangyur volume 1, F.72.a

བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །​དེའི་ཚེ་ན་རྒན་ཞུགས་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཞིག་གིས་གཞན་མུ་སྟེགས་ཅན་ཞིག་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་པ་ན་དགེ་སློང་རྣམས་དང་ལྷན་ཅིག་རྩོད་པ་འགའ་ཞིག་བྱུང་ནས་བསླབ་པ་ཕུལ་ཏེ་སྔོན་གྱི་མུ་སྟེགས་ཅན་གྱི་གནས་དེ་ཉིད་དུ་སོང་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་ལྟར་མི་གཏི་མུག་ཅན་དེ་ལེགས་པར་གསུངས་པའི་ཆོས་འདུལ་བ་གྱ་ནོམ་པ་འདི་ལྟ་བུ་སྤངས་ནས་སྔོན་གྱི་མུ་སྟེགས་ཅན་གྱི་གནས་དེ་ཉིད་དུ་སོང་བ་ལ་ལྟོས། དགེ་སློང་དག་འདི་ལྟ་སྟེ་དཔེར་ན་ཁྱི་བཀྲེས་པའི་ཉམ་ཆུང་བས་ཡོངས་སུ་གཟིར་བ་ནི་བཟའ་བ་དང་བཅའ་བ་གྱ་ནོམ་པ་སྤངས་ནས་བཤང་བ་བཟའ་བར་བྱའོ་སྙམ་དུ་སེམས་སོ། །​དགེ་སློང་དག་དེ་བཞིན་དུ་མི་གཏི་མུག་ཅན་དེས་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་གྱ་ནོམ་པ་འདི་ལྟ་བུ་སྤངས་ནས་སྔོན་གྱི་མུ་སྟེགས་ཅན་གྱི་གནས་དེ་ཉིད་དུ་སོང་ངོ་། །​དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཉེ་དུ་ཤཱཀྱ་དང་མེ་བ་རལ་བ་ཅན་མ་གཏོགས་པ་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་རབ་ཏུ་དབྱུང་བར་མི་བྱ་ཞིང་བསྙེན་པར་རྫོགས་པར་མི་བྱའོ། །​གལ་ཏེ་ཉེ་དུ་ཤཱཀྱ་མུ་སྟེགས་ཅན་གྱི་རྒྱལ་མཚན་གྱིས་འོངས་ཤིང་གལ་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འདོད་ན། དགེ་སློང་དག་དེ་རབ་ཏུ་དབྱུང་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ང་ནི་ཉེ་དུ་རྣམས་ལ་ཉེ་དུའི་ཡོངས་སུ་སྤང་བ་སྦྱིན་པར་བྱེད་པའི་ཕྱིར་རོ། །​གལ་ཏེ་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་འོངས་ཤིང་གལ་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འདོད་ན། དགེ་སློང་དག་དེ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པ་སྦྱིན་པར་བྱ་བ་ཤེས་པར་གྱིས་ཤིག །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29182#UT22084-001-001-29182