Degé Kangyur volume 1, F.9.a

ཚེ་སྤེལ་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་པ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་མཁན་པོ་དེ་འདི་ལགས་སོ། །​རྒྱལ་པོས་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཀུན་དུ་སྤྱད་དེ་སྨྲས་པ། མཁན་པོ་ཁྱོད་ཁོ་བོའི་མདུན་དུ་བྲམ་ཟེ་འདི་དང་ལྷན་ཅིག་གཏམ་རྣམ་པར་གཏན་ལ་དབབ་པར་བྱེད་ནུས་སམ། གནས་ལེན་གྱི་བུས་སྨྲས་པ། བདག་གིས་རྔོ་ཐོག་པས། རྒྱལ་པོ་དགྱེས་པར་བགྱིའོ། །​རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་རྒོལ་བའི་དཀྱིལ་འཁོར་ཤོམས་ཤིག །​ཕྱོགས་དང་གཞན་གྱི་ཕྱོགས་དག་རྣམ་པར་ཞོག་ཤིག །​བློན་པོ་རྣམས་ཀྱིས་རྒོལ་བའི་དཀྱིལ་འཁོར་བཤམས་ཤིང་ཕྱོགས་དང་གཞན་གྱི་ཕྱོགས་དག་རྣམ་པར་བཞག་གོ། །​དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། ལྷ་ཕྱོགས་སྔ་མ་གང་བགྱིད་དུ་སྩལ། རྒྱལ་པོས་སྨྲས་པ། བྲམ་ཟེ་འདི་འགྲོན་པ་ཡིན་གྱིས་འདི་ཕྱོགས་སྔ་མ་བྱེད་དུ་ཆུག་ཤིག །​བྲམ་ཟེ་དེ་ཕྱོགས་སྔ་མ་བྱེད་དུ་བཅུག་ནས་དེས་རྒྱུད་ཆགས་ལྔ་བརྒྱ་བཟླས་སོ། །​གནས་ལེན་གྱི་བུས་ཕྱིར་བཟླས་ཏེ། ཁྱོད་ཀྱི་འདི་ནི་རིགས་པ་མེད་པ་ཡིན་ནོ། །​འདི་ནི་མི་མཐུན་པ་ཡིན་ནོ། །​འདི་ནི་མི་འཐད་པ་ཡིན་ནོ་ཞེས་སྐྱོན་བཏགས་པ་དང་བྲམ་ཟེ་དེ་ཅང་མི་སྨྲ་བར་འདུག་གོ། །​ཚར་གཅད་པའི་གནས་རྣམས་ཀྱི་ནང་ན་འདི་ལྟ་སྟེ་ལན་ལ་སྤོབས་པ་མེད་པ་འདི་ནི་ཐ་ཆད་ཡིན་ནོ། །​རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་སུ་རྒྱལ། ལྷ་མཁན་པོ་གནས་ལེན་གྱི་བུའོ། །​དེ་ནས་རྒྱལ་པོ་ཡིད་དགའ་ཞིང་ཡིད་དགའ་ནས་རོ་སྟོད་བསྲང་སྟེ། ལག་པ་གཡས་པ་བརྐྱང་ནས་བདག་གི་ཡུལ་ན་སྨྲ་བའི་ཁྱུ་མཆོག་འདི་ལྟ་བུ་དག་ཡོད་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ནས་སྨྲས་པ། མཁན་པོ་ཁྱོད་གནས་གང་ན་གནས། གནས་ལེན་གྱི་བུས་སྨྲས་པ། ལྷ་གྲོང་ན་ལ་ད་ནའོ། །​ཁྱོད་སོང་ལ་གྲོང་དེ་ཁྱོད་ཀྱིས་རྒོལ་བའི་ལོངས་སྤྱོད་གྱིས་ཤིག །​གནས་ལེན་གྱི་བུ་རངས་པ་དང་དགའ་བ་དང་མཆོག་ཏུ་དགའ་བར་གྱུར་ནས་སྐྱེ་བོ་མཁས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ། གྲོང་དེར་སོང་ངོ་། །​འཇིག་རྟེན་ནི་འབྱོར་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29056#UT22084-001-001-29056