།།སླར་ཡང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ཆོས་རྗེ་ཆག་ལོའི་རྒྱ་དཔེ་དང་བསྟུན་ནས་ཞུ་དག་པར་བགྱིས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱུ་རཱི་བིདྱཱ་རཱཛྙཱི། བོད་སྐད་དུ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བདུན་པོ་དག་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །དེ་དག་ལ་ཕྱག་འཚལ་ནས། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་སྦྱར་བར་བྱའོ། །བདག་ལ་རིག་སྔགས་དེ་གྲུབ་པར་གྱུར་ཅིག །འབྱུང་པོའི་ཚོགས་གང་སུ་དག་ས་ལ་རྒྱུ་བ་རྣམས་དང་། ནམ་མཁའ་ལ་རྒྱུ་བ་རྣམས་དང་། ཆུ་ལ་རྒྱུ་བ་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། རླུང་ལྷ་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། འབྱུང་པོ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། སྐེམ་བྱེད་རྣམས་དང་། སྨྱོ་བྱེད་རྣམས་དང་། གྲིབ་གནོན་རྣམས་དང་། བརྗེད་བྱེད་རྣམས་དང་། གནོན་པོ་རྣམས་བདག་ལ་ཉོན་ཅིག །འབྱུང་པོའི་ཚོགས་གཟི་བྱིན་འཕྲོག་པ་རྣམས་དང་། ཟས་སུ་མངལ་ཟ་བ་རྣམས་དང་། ཟས་སུ་ཁྲག་འཐུང་བ་རྣམས་དང་། ཟས་སུ་ཞག་ཟ་བ་རྣམས་དང་། ཟས་སུ་ཤ་ཟ་བ་རྣམས་དང་། ཟས་སུ་ཚིལ་ཟ་བ་རྣམས་དང་། ཟས་སུ་རྐང་ཟ་བ་རྣམས་དང་།