དངོས་གྲུབ་འདི་ནི་ཁྱད་པར་འཕགས། །དེ་ནས་བཟླས་པའམ་བསྒོམ་པ་ནི། །དབང་པོ་རབ་འབྲིང་ཐ་མའི་སྟེ། །རབ་ཀྱིས་ཡོངས་སུ་རྫོགས་པ་ཡི། །བསྒོམ་པའམ་བཟླས་པ་བྱ་བར་གསུངས། །འབྲིང་གིས་གཙོ་བོ་ཡབ་ཡུམ་ཡིན། །ཐ་མས་དབུ་མའི་སྤྱན་ལ་འཇུག །དབུ་མའི་སྤྱན་ལ་བརྟན་གྱུར་ནས། །སུམ་ཅུ་རྩ་བདུན་རྫོགས་པར་སྒོམ། །འབྲིང་པོ་ཡིས་ཀྱང་དེ་བཞིན་ཏེ། །གནས་པ་རྩ་དང་གཡོ་བ་རླུང་། །བཀོད་པ་སེམས་དང་དམན་པ་དབྱིབས། །ཟབ་པ་སྔགས་དང་ཐིག་ལེ་དང་། །མཐར་ཐུག་ཆོས་དང་ཡན་ལག་བདུན། །འདི་ཡིས་བསྟན་པ་ཤིན་ཏུ་ཟབ། །གོང་དུ་གསུངས་པ་ཐམས་ཅད་ཀྱང་། །རྣམ་པ་བཞི་རུ་ཤེས་པར་བྱ། །རེ་རེ་ལ་ཡང་བཞི་བཞི་སྟེ། །དུ་མའི་ཚུལ་ནི་ཤིན་ཏུ་ཟབ། །ཕྱི་དང་ནང་ནི་སྔགས་ཀྱི་དོན། །གཟུགས་བརྙན་དཀྱིལ་འཁོར་ཕྱི་ཡི་དོན། །ཕྱི་ལ་ལྟོས་ནས་ནང་ཡིན་ཏེ། །དེ་ཉིད་གསང་བ་གསང་བའི་དོན། །ལས་སུ་རུང་བ་མཐར་ཕྱིན་དོན། །གཟུགས་བརྙན་དཀྱིལ་འཁོར་མཚན་ཉིད་ནི། །ནང་དུ་དཀྱིལ་འཁོར་མཚན་ཉིད་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ། །རེ་རེ་ལྷ་རུ་བྱིན་བརླབས་ལ། །ལྔ་འམ་དྲུག་གམ་སུམ་ཅུ་བདུན། །གཡས་གཡོན་སྟེང་འོག་སྒོ་ལ་སོགས། །བླ་མའི་ཞལ་ལས་ཤེས་པར་བྱ། །རྡོ་རྗེ་སྙིང་པོས་ཡང་གསོལ་པ། །སུམ་ཅུ་རྩ་བདུན་ཞེས་བྱ་བའི། །ཡོངས་སུ་རྫོགས་པ་ཇི་ལྟར་ལགས། །བསྐྱེད་པ་ཞེས་བྱ་ཇི་ལྟར་ལགས། །དེ་ཡི་རིམ་པ་ཇི་ལྟར་ལགས། །གཞན་ཡང་རྟེན་གྱི་དཀྱིལ་འཁོར་དང་། །ཐུན་དང་ཐུན་མཚམས་ཇི་ལྟར་ལགས། །ལྟ་སྤྱོད་ཟུང་དུ་ཇི་ལྟར་འཇུག །དཔའ་བོས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སུམ་ཅུ་རྩ་བདུན་ཡང་དག་རྒྱུ། །འབྲས་བུ་གཉིས་མེད་ཡེ་ཤེས་བསྐྱེད། །དེ་ཕྱིར་འབྲས་བུ་སྔོན་འགྲོ་བའི། །རྒྱུ་ནི་གཙོ་བོར་གྱུར་པ་ཡིན། །ཧེ་རུ་ཀར་གྱུར་གཅིག་ལ་ཡང་། །རྒྱུ་རྣམས་ཡོངས་སུ་རྫོགས་པ་སྟེ། །གནས་ནི་ཉི་ཤུ་རྩ་བཞི་སོགས། །བླ་མའི་ཞལ་ནས་ཤེས་པར་བྱ། །རྒྱུ་ནོར་བ་ལས་མ་ཡིན་ཏེ། །གྲོ་ལས་ནས་ཀྱི་མྱུ་གུ་མིན། །