བདེ་བ་ཅན་གྱི་འཇིག་རྟེན་ཁམས་མཆོག་ནས། །མཐུ་ཆེན་ཐོབ་དང་སྤྱན་རས་གཟིགས་དབང་ཡང་། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ལྷན་ཅིག་མཆིས། །གང་དག་སྔན་ཆད་བསྐལ་པ་བྱེ་མང་སྙེད། །ཡེ་ཤེས་དམ་པ་མཆོག་འདི་ཚོལ་བའི་ཕྱིར། །རྒྱ་མཚོ་ཀུན་གྱི་བྱེ་མ་མཉམ་པ་ཡི། །བདེ་གཤེགས་དཔག་ཏུ་མེད་པ་བསྙེན་བཀུར་བགྱིས། །སངས་རྒྱས་ཀུན་གྱིས་བསྟོད་ཅིང་རབ་བསྔགས་པ། །ཆོས་རྣམས་ཀུན་གྱི་ཡོན་ཏན་ཕ་རོལ་ཕྱིན། །འཇིག་རྟེན་ཕྱོགས་རྣམས་ཀུན་ཏུ་རབ་གྲགས་པ། །འཇམ་དབྱངས་ལེགས་པར་ཐལ་མོ་སྦྱར་ཏེ་མཆིས། །སངས་རྒྱས་ཞིང་དུ་ཁྲག་ཁྲིག་སྤྱད་བགྱིས་ཀྱང་། །འདི་འདྲ་རྣམས་ནི་མཐོང་བ་རྙེད་དཀའ་སྟེ། །ལེགས་བསླབས་སངས་རྒྱས་སྲས་པོ་ཡོན་ཏན་ཅན། །ཐམས་ཅད་ཐལ་མོ་རབ་སྦྱར་གུས་པར་འཁོད། །སྟོན་པ་ཀུན་གྱི་ཆོས་ཀྱི་མཛོད་འཛིན་པ། །མཁས་པ་འདིར་མཆིས་ཅི་འདྲ་དེ་ལྟ་བུ། །སྣོད་དུ་གྱུར་པ་འདི་ན་གཞན་མ་མཆིས། །འདྲེན་པ་འཇམ་པའི་དབྱངས་སུ་བརྗོད་པ་གསུངས། །རྒྱལ་བ་རྣམ་འདྲེན་གླེང་གཞི་མ་མཆིས་པར། །གང་ཟག་དམ་པ་འཛུམ་པ་མི་སྟོན་ན། །གང་གི་སླད་དུ་འཛུམ་པ་འདི་བསྟན་པ། །རྔ་མཆོག་སྒྲ་ལྡན་གསུང་དབྱངས་དབྱུང་དུ་གསོལ། །ངང་པ་ཁུ་བྱུག་རྨ་བྱ་ས་ར་ས། །འབྲུག་གི་སྒྲ་སྐད་ཁྱུ་མཆོག་སྒྲ་འབྱིན་བཞིན། །ལྷ་ཡི་རོལ་མོ་སྙན་པའི་སྒྲ་འབྱིན་པ། །སེམས་ཅན་གྲོལ་མཛད་གསུང་གིས་ལུང་སྟོན་ཅིག །བྱམས་པ་སྐྱེད་ཅིང་དགའ་བ་འཕེལ་བར་བགྱིད། །ཡེ་ཤེས་སྟོན་ཅིང་མ་རིག་སེལ་བ་སྟེ། །དོན་ལ་རྟོག་ཅིང་ཤེས་རབ་འཕེལ་བགྱིད་ཅིང་། །བསྐལ་པ་ཁྲག་ཁྲིག་བྱེ་བར་རྣམ་སྦྱོང་བ། །རྟོགས་པས་ངེས་བགྱིས་དངོས་པོ་རྣམ་པར་བཤིག །སྡུག་བསྔལ་འགོག་པའི་ཚིག་དོན་ངེས་པར་སྟོན། །མུ་སྟེགས་ཀུན་གྱི་སྨྲ་བ་རྣམ་པར་འཇོམས། །སྟོང་པ་སྲོག་མེད་སེམས་ཅན་མེད་པ་སྒོམ། །བསོད་ནམས་སྟོང་ཕྲག་བརྒྱ་ཡིས་ལེགས་པར་བརྒྱན། །སངས་རྒྱས་སྟོང་ཕྲག་བརྒྱ་ཡིས་འདིར་སྤྱད་དེ། །ལྷ་རྣམས་སྟོང་ཕྲག་བརྒྱ་ཡིས་རབ་ཏུ་བསྟོད། །ཚངས་པ་སྟོང་ཕྲག་བརྒྱ་ཡིས་ཕྱག་ཀྱང་བགྱིས། །གནོད་སྦྱིན་སྲིན་པོ་གྲུལ་བུམ་དད་བགྱིད་དེ། །ཀླུ་དང་ལྟོ་འཕྱེ་འདབ་བཟངས་གྲོལ་བར་བགྱིད།