འོད་འདི་ལྷ་མིའི་ཡིད་དུ་མཆི་ཞིང་བདེ་བ་སྟེ། །རབ་ཏུ་སིམ་བགྱིད་དགེ་བགྱིད་གདུང་བར་བགྱིད་མ་ལགས། །ཤིང་དང་རྩིག་པ་ཐལ་ཕྱུང་སྒྲིབ་པ་ཡོང་མ་མཆིས། །ཡོན་ཏན་ལྡན་པ་གཅིག་ཅིག་དེང་ནི་འདིར་བྱོན་ངེས། །རྒྱལ་པོ་དེ་ནི་མི་དགའ་ཕྱོགས་བཅུར་བལྟས་པ་དང་། །སེམས་ཅན་དག་པ་པད་མའི་མིག་ཅན་དེ་མཐོང་ནས། །དེ་ནི་མལ་ནས་ལྡང་བར་འདོད་ན་མ་ནུས་ཏེ། །རྣམ་དག་བློ་ཅན་དམ་པ་ཕ་ལ་གུས་པ་བསྐྱེད། །དེ་ནི་རྒྱལ་པོའི་མདུན་དུ་འདུག་ནས་འདི་སྐད་སྨྲས། །ལྷ་ཅིག་བདག་ནི་མངོན་པར་འབྱུང་བའི་དུས་བབ་རིགས། །བགེགས་ཀྱང་མ་མཛད་མི་དགྱེས་པ་ཡང་མ་མཛད་ཅིག །རྒྱལ་པོ་གཉེན་བཅས་ཡུལ་འཁོར་བཅས་ཏེ་བཟོད་པར་གསོལ། །རྒྱལ་པོ་དེ་ནི་མཆི་མས་མིག་གང་འདི་སྐད་སྨྲས། །ཁྱོད་ནི་ཕྱིར་ལྡོག་པ་ཡི་དགོས་པ་ཅི་ཞིག་ཡོད། །བདག་ལ་དམ་པ་ཅི་སློང་སྨྲོས་ཤིག་ཐམས་ཅད་སྦྱིན། །བདག་དང་ཕོ་བྲང་འཁོར་དང་ཡུལ་འཁོར་འདི་ཕན་ཐོགས། །དེའི་ཚེ་བྱང་ཆུབ་སེམས་དཔས་སྙན་པའི་ཚིག་སྨྲས་པ། ལྷ་ཅིག་དམ་པ་བཞི་འཚལ་དེ་ནི་བདག་ལ་སྩོལ། །གལ་ཏེ་སྩལ་བར་སྤྱོད་ན་མངའ་ནི་ཁྱོད་ལ་མཆིས། །འོན་ཏང་རྟག་ཏུ་ཁྱིམ་ན་གཟིམས་ཤིང་འབྱུང་མི་འགྱུར། །ལྷ་ཅིག་བདག་ནི་རྒ་བས་ཚུགས་པར་མི་འགྱུར་ཞིང་། །རྟག་ཏུ་མདོག་བཟང་དར་ལ་བབ་པར་གནས་པ་དང་། །ནད་མ་མཆིས་པ་ཐོབ་ཅིང་ནད་ཀྱིས་མི་བཏབ་དང་། །ཚེ་དཔག་མ་མཆིས་པ་དང་རྒུད་པར་མི་འགྱུར་འཚལ། །རྒྱལ་པོས་ཚིག་ཐོས་ཤིན་ཏུ་སྡུག་བསྔལ་ཉམ་ཐག་སྟེ། །གཞོན་ནུ་གནས་མིན་སློང་བས་བདག་ལ་མཐུ་མེད་དོ། །བསྐལ་པར་གནས་པའི་དྲང་སྲོང་རྣམས་ཀྱང་ནམ་དུ་ཡང་། །རྒ་ན་འཆི་བའི་འཇིགས་དང་རྒུད་ལས་མ་ཐར་ཏོ། །རྒ་ན་འཆི་བའི་འཇིགས་དང་རྒུད་པར་མི་འགྱུར་བ། །ལྷ་ཅིག་གལ་ཏེ་མཆོག་བཞི་འདི་དག་མི་སྩོལ་ན། །གཞན་ཡང་མཆོག་ཅིག་གསོལ་གྱིས་རྒྱལ་པོ་གསན་དུ་གསོལ། །འདི་ནས་ཤི་འཕོས་ཉིང་མཚམས་སྦྱོར་བར་མི་འགྱུར་མཛོད། །མི་ཡི་དམ་པའི་ཚིག་ནི་དེ་སྐད་ཐོས་པ་དང་། །སྲེད་པ་བསྲབས་ཏེ་བུ་ལ་ཆགས་པ་ཡོངས་སུ་གཅོད། །ཕན་བྱེད་འགྲོ་བ་ཐར་བྱེད་རྗེས་སུ་ཡི་རང་ངོ་། །ཁྱོད་ཀྱི་བསམ་པ་རྣམས་ནི་ཡོངས་སུ་རྫོགས་གྱུར་ཅིག