།ཁྱོད་ཀྱིས་དེ་བཞིན་ནོར་པ་མེད་ཅིང་འཐུན་པར་ཚིག་ཏུ་བརྗོད། །ཁྱོད་སྔོན་ནེ་ཙོ་ཡོན་ཏན་ལྡན་གྱུར་ཤིང་ལ་གནས་པའི་ཚེ། །ཟད་པར་གྱུར་ཀྱང་སྔོན་གྱི་དྲིན་ལ་བསམས་ཏེ་དེ་མ་སྤངས། །ལྷ་ཡི་བདག་པོས་ཁྱོད་ཀྱི་ཡོན་ཏན་དྲན་ནས་རབ་ཏུ་དགའ། །སྔ་མཁོ་བཞིན་དུ་ཤིང་མཆོག་དེ་ནི་དཔལ་དང་ལྡན་པར་བྱས། །ཁྱོད་ཀྱི་བརྟུལ་ཞུགས་དཀའ་ཐུབ་སྤྱད་པ་དེ་དག་མཚུངས་མེད་དེ། །ཡོན་ཏན་ལྡན་པ་ཡོན་ཏན་ལམ་ལ་སྤྱད་པས་ཡོན་ཏན་མང་། །ཁྱོད་ཀྱི་དུས་ལ་ད་བབ་གྲོང་ཁྱེར་བཅས་པའི་ས་ཡང་ཐོང་། །འགྲོ་བ་དག་ནི་རྒྱལ་བའི་ཡོན་ཏན་སྤྱོད་ལ་མྱུར་དུ་ཁོད། །གང་གི་ཚེ་ན་བུད་མེད་རིན་ཆེན་བཟང་པོའི་གོས་ཀྱིས་ལུས་བརྒྱན་ཏེ། །སིལ་སྙན་དམ་པ་མཆོག་རབ་ཡིད་དུ་འོང་བའི་སྒྲ་ནི་རབ་སྒྲོག་པ། །དེ་ཚེ་ཕྱོགས་བཅུའི་རྒྱལ་བའི་གཟི་ཡིས་ཚིགས་སུ་བཅད་པ་སྣ་ཚོགས་པ། །སྒྲ་དབྱངས་སྙན་པ་འདི་དག་སིལ་སྙན་དག་གི་སྒྲ་ལས་རབ་ཏུ་བྱུང་། །རྒ་དང་ཤི་བས་ཟིན་པའི་འཇིག་རྟེན་དག་ལ་བདག་ནི་སྐྱབས་གྱུར་ཅེས། །འཇིག་རྟེན་སྒྲོན་མ་ཁྱོད་ཀྱིས་བསྐལ་མང་སྔ་རོལ་སྨོན་ལམ་དེ་སྐད་བཏབ། །མི་ཡི་སེང་གེ་ཁྱོད་ཀྱིས་སྔོན་གྱི་སྨོན་ལམ་དག་ནི་དྲན་གྱིས་ཤིག །རྐང་གཉིས་དབང་པོ་ཁྱོད་ད་མངོན་པར་འབྱུང་བའི་དུས་ནི་འདི་ཡིན་ནོ། །ཁྱོད་འདིར་སྲིད་པ་ཁྲག་ཁྲིག་དག་ཏུ་སྦྱིན་པ་མང་པོ་དུ་མ་བྱིན། །ནོར་དང་རིན་པོ་ཆེ་དང་གསེར་དང་གོས་བཟང་རིན་ཆེན་སྤྲས་པ་དང་། །རྐང་ལག་དག་དང་མིག་དང་ཕངས་པའི་བུ་དང་རྒྱལ་སྲིད་འབྱོར་པ་དག །ཁྱོད་ཀྱིས་བཏང་ཡང་ཁྱོད་ནི་སློང་བ་རྣམས་ལ་ཐ་བ་ཞེ་སྡང་མེད། །ཁྱོད་འདིར་ཟླ་བའི་ཏོག་དང་མཆེ་བ་བཟང་དང་རྒྱལ་པོ་ཞི་བར་གྱུར། །སྙིང་བརྩེ་སྙིང་རྗེའི་ཡིད་དང་ཟླ་བའི་སྒྲོན་དང་གཙུག་ན་ནོར་བུར་གྱུར། །རྒྱལ་པོ་དཔའ་བོ་བརྟན་དང་མིག་བཟངས་དང་ནི་དེ་ལ་སོགས་པ་བྱས། །རྒྱལ་པོ་ཁྲག་ཁྲིག་མང་པོ་སྦྱིན་དགའ་རྣམ་པར་འཕྲུལ་པ་དེ་ཉིད་ཁྱོད། །བདེ་བར་གཤེགས་པ་ཁྱོད་ཀྱིས་བསྐལ་པ་མང་པོར་ཚུལ་ཁྲིམས་སྤྱོད་པ་སྤྱད། །ནོར་བུ་རིན་ཆེན་དྲི་མ་མེད་པ་ལྟ་བུར་ཚུལ་ཁྲིམས་རྣམ་དག་གྱུར། །ཁྱོད་ཀྱིས་འབྲི་ཡི་རྔ་མ་ཅི་འདྲ་དེ་འདྲར་ཚུལ་ཁྲིམས་བསྲུངས་ཤིང་སྤྱད། །ཚུལ་ཁྲིམས་དགའ་བས་ཁྱོད་ཀྱིས་འདིར་ནི་འགྲོ་ལ་རྒྱ་ཆེར་དོན་ཡང་བྱས། །འདིར་ཁྱོད་གླང་པོ་མཆོག་ཏུ་གྱུར་ཏེ་རྔོན་པ་དགྲ་ཡིས་མདས་བསྣུན་ཚེ། །གཏུམ་པོ་དགྲ་ལ་སྙིང་བརྩེ་སྙིང་རྗེ་བསྐྱེད་ནས་དེ་ནི་ཁྱོད་ཀྱིས་བསྐྱབས།