བྱང་ཆུབ་སེམས་དཔའ་ལ་ནི་ཐུག་པའི་མཐའ་མེད་པར་གྱུར་ཏོ། །དེ་ནས་རྩིས་པ་ཆེན་པོ་སྲིད་སྒྲུབ་ངོ་མཚར་དུ་གྱུར་ཏེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ལེགས་པའི་བློ་མངའ་འདི་དྲིས་ན། །མཁྱེན་པ་ཤིན་ཏུ་མྱུར་བ་སྟེ། །ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཙམ། །ཀུན་ཀྱང་རྩིས་ཀྱི་ལམ་ལ་ཐུག །དེ་ཡི་ཤེས་རབ་འདི་འདྲ་སྟེ། །ཡེ་ཤེས་བློ་གྲོས་དྲན་ལྡན་ཡང་། །རྩིས་ཀྱི་མཁྱེན་པ་རྒྱ་མཚོ་དེ། །ད་དུང་སྦྱོང་ཞིང་སློབ་པ་མཛད། །དེ་ནས་ཤཱཀྱའི་ཚོགས་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། ཤིན་ཏུ་རྨད་དུ་བྱུང་བར་སེམས་ཤིང་། དེའི་ཚེ་ཐམས་ཅད་མགྲིན་གཅིག་ཏུ་ཚིག་འདི་སྐད་ཅེས་སྨྲས་སོ། །ཀྱེ་དོན་གྲུབ་གཞོན་ནུ་ཁྱོད་ནི་རྒྱལ་ལོ་རྒྱལ་ལོ་ཞེས་ཐམས་ཅད་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཏེ་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ལ་སྲས་དེ་ལྟར་དྲིས་པ་ལ་སྤོབས་པ་མྱུར་ཞིང་མགྱོགས་ལ། ཡང་ཞིང་ཤུགས་དང་ལྡན་པ་ཅན་མངའ་བ་ནི་བརྙེས་པ་ལེགས་པར་བརྙེས་སོ། །དེ་ནས་རྒྱལ་པོ་ཟས་གཙང་མས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །བུ་རྩིས་པ་ཆེན་པོ་སྲིད་སྒྲུབ་གྲངས་ཀྱི་ཤེས་པ་ལ་མཁས་པ་དང་། རྩིས་ཀྱི་ལུགས་འགྲན་ནུས་སམ། སྨྲས་པ། ལྷ་རྔོ་ཐོག་གོ། །སྨྲས་པ་འོ་ན་རྩིས་ཤིག །དེ་ནས་རྩིས་པ་ཆེན་པོ་སྲིད་སྒྲུབ་ཀྱིས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་ཁྱོད་བྱེ་བ་ལས་བརྒྱར་གོང་དུ་བསྒྲེས་པ་ཞེས་བགྱི་བའི་རྩིས་ཀྱི་ལུགས་མཁྱེན་ཏམ། སྨྲས་པ། ཤེས་སོ། །སྨྲས་པ། འོ་ན་བྱེ་བ་ལས་བརྒྱར་གོང་དུ་བསྒྲེས་པའི་རྩིས་ཀྱི་ལུགས་ལ་ཇི་ལྟར་རྗེས་སུ་འཇུག་པར་བགྱི། བྱང་ཆུབ་སེམས་དཔས་སྨྲས་པ། བྱེ་བ་ཕྲག་བརྒྱ་ན་ཐེར་འབུམ་ཞེས་བྱའོ། །ཐེར་འབུམ་ཕྲག་བརྒྱ་ན་ཁྲག་ཁྲིག་ཅེས་བྱའོ། །ཁྲག་ཁྲིག་ཕྲག་བརྒྱ་ན་གཏམས་པ་ཞེས་བྱའོ། །གཏམས་པ་ཕྲག་བརྒྱ་ན་དཀྲིགས་པ་ཞེས་བྱའོ། །དཀྲིགས་པ་ཕྲག་བརྒྱ་ན་མི་འཁྲུགས་པ་ཞེས་བྱའོ། །མི་འཁྲུགས་པ་ཕྲག་བརྒྱ་ན་ཁྱད་ཕྱིན་ཅེས་བྱའོ། །ཁྱད་ཕྱིན་ཕྲག་བརྒྱ་ན་ཕང་སྟེང་ཞེས་བྱའོ། །ཕང་སྟེང་ཕྲག་བརྒྱ་ན་མང་འཛིན་ཅེས་བྱའོ། །མང་འཛིན་ཕྲག་བརྒྱ་ན་གླང་པོའི་སྟོབས་ཞེས་བྱའོ། །གླང་པོའི་སྟོབས་ཕྲག་བརྒྱ་ན་ངོགས་འཐོབ་ཅེས་བྱའོ།