ཁྱོད་སོང་སྟེ་དེའི་བསྟན་པ་ལ་རབ་ཏུ་བྱུང་ཤིག་དང་། དེ་ནི་ཁྱོད་ཀྱི་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལྷ་ཡི་ཚོགས་རྣམས་ནམ་མཁའི་ངོས་ལ་གནས་ཏེ་སངས་རྒྱས་སྒྲ་སྒྲོག་པ། །ལྷ་ཡི་དྲང་སྲོང་ནག་པོ་རི་སུལ་གནས་པས་མཐོང་ནས་དགའ་མཆོག་ཐོབ། །འདི་ན་སྲོག་ཆགས་རྣམས་ཀྱི་དགའ་སྐྱེད་སངས་རྒྱས་ཞེས་བྱའི་ཚིག་འདི་ཅི། །བདག་གི་ལུས་ཀྱང་རབ་སིམ་གྱུར་ཅིང་སེམས་བདེ་མཆོག་ཏུ་ཞི་བར་གྱུར། །ལྷ་འམ་འོན་ཏེ་ལྷ་མིན་ཡང་ན་ནམ་མཁའ་ལྡིང་ངམ་མི་འམ་ཅི། །སངས་རྒྱས་ཞེས་བྱ་དགའ་དང་མོས་བྱེད་ཚིག་འདི་སྔོན་ཆད་མ་ཐོས་ཅི། །ལྷ་ཡི་མིག་གིས་ཕྱོགས་བཅུར་རི་དང་ས་དང་རྒྱ་མཚོ་རྣམས་ལ་བལྟས། །ཕྱིས་ཡངས་རི་མཚོ་ལ་རྨད་དུ་བྱུང་བ་རྣམ་པ་སྣ་ཚོགས་མཐོང་། །འོད་གསལ་མཛེས་པ་ལུས་ལ་སིམ་བྱེད་འདི་ནི་རབ་ཏུ་བཟང་སྣང་ཞིང་། །ཇི་ལྟར་རི་ཡི་རྩེ་མོ་རྣམས་སུ་བྱི་རུའི་མྱུ་གུ་འཐོན་གྱུར་ལ། །ཤིང་ལྗོན་རྣམས་ཀྱང་མེ་ཏོག་བཟང་རྒྱས་སྣ་ཚོགས་འབྲས་བུས་བརྒྱན་གྱུར་ལས། །སྲིད་པ་གསུམ་དུ་དཀོན་མཆོག་དམ་པ་མྱུར་དུ་འབྱུང་བར་ཤིན་ཏུ་གསལ། །ས་འདི་ཐམས་ཅད་མཉམ་ཞིང་དྲི་མེད་ལག་མཐིལ་བཞིན་དུ་སྣང་བ་དང་། །ལྷ་རྣམས་དགའ་ཞིང་ནམ་མཁའི་དཀྱིལ་ན་གོས་ཀྱི་གཡབ་མོ་འབྱིན་གྱུར་ལ། །ཀླུ་རྒྱལ་རྒྱ་མཚོའི་གནས་ཀྱི་སྟེང་ན་རིན་ཆེན་རྨད་འབྱུང་འཕྱོ་བ་ལས། །འཛམ་བུའི་གླིང་དུ་རྒྱལ་བའི་དཀོན་མཆོག་ཆོས་ཀྱི་འབྱུང་གནས་ངེས་པར་འབྱུང་། །ངན་སོང་ཞི་ཞིང་སྡུག་བསྔལ་བྲལ་ཏེ་སེམས་ཅན་རྣམས་ནི་བདེར་ལྡན་ལ། །ལྷ་ཡི་ཚོགས་རྣམས་ནམ་མཁའི་དཀྱིལ་ལ་དགའ་དང་ལྡན་པར་རྒྱུ་བ་དང་། །ཇི་ལྟར་ལྷ་ཡི་གླུ་དབྱངས་སྒྲ་སྙན་ཡིད་དུ་འོང་བ་གྲག་པ་ལས། །སྲིད་པ་གསུམ་འདིར་དཀོན་མཆོག་འབྱུང་འགྱུར་དེ་ཡི་ལྟས་སུ་གདོན་མི་ཟ། །འཛམ་བུའི་གླིང་འདིར་དྲང་སྲོང་ནག་པོས་ལྷ་ཡི་མིག་གིས་རྣམ་བལྟས་ན། །སེར་སྐྱའི་གྲོང་ན་རྒྱལ་པོ་ཟས་གཙང་གྲོང་ཁྱེར་དམ་པ་ཡོད་པ་དེར། །མཐུ་ཆེན་མཐུ་ལྡན་མཚན་དང་བསོད་ནམས་གཟི་བརྗིད་རྒྱས་པ་བཙས་པ་མཐོང་། །མཐོང་ནས་དགའ་མགུ་རངས་ཤིང་བདེ་བའི་ཡིད་སྐྱེས་མཐུ་ཡང་སྐྱེས་པར་གྱུར། །དེ་ནས་ངོ་མཚར་རྙེད་དེ་རང་གི་སློབ་མ་ལྷན་ཅིག་རིངས་སུ་དོང་།