།རྒྱལ་པོ་ལུས་ལ་ཡང་ལྟོས་དེ་མི་བརྟན། །སྙིང་པོ་མེད་དེ་སྡུག་བསྔལ་འཁྲུལ་འཁོར་བཞིན། །བུ་ག་དགུ་ཡི་སྒོ་ནས་རྟག་ཏུ་འཛག །རྒྱལ་པོ་ཁོ་བོ་འདོད་པའི་འདོད་ཆགས་མེད། །ཁོ་བོས་འདོད་པ་མང་དང་དེ་བཞིན་དུ། །བལྟ་ན་སྡུག་པའི་བུད་མེད་སྟོང་བོར་ཏེ། །མཆོག་ཞི་བྱང་ཆུབ་དམ་པ་ཐོབ་འདོད་ནས། །ཁོ་བོ་སྲིད་པ་མི་དགའ་ངེས་པར་འབྱུང་། །མ་ག་དྷཱ་ཡི་རྒྱལ་པོས་དེར་སྨྲས་པ། །དགེ་སློང་ཕྱོགས་ནི་གང་དང་གང་ནས་བྱོན། །གང་དུ་ཁྱོད་སྐྱེས་ཡབ་ཡུམ་གང་ན་བཞུགས། །རྒྱལ་རིགས་ལགས་སམ་བྲམ་ཟེའམ་རྒྱལ་པོ་ལགས། །དགེ་སློང་ཁུར་གྱི་འདུ་ཤེས་མེད་ན་གསུངས། །བྱང་ཆུབ་སེམས་དཔས་དེ་ལ་འདི་སྐད་སྨྲས། །རྒྱལ་པོ་ཤཱཀྱ་རྣམས་ཀྱི་སེར་སྐྱའི་གྲོང་། །མཆོག་ཏུ་འབྱོར་ཅིང་རྒྱས་པ་ཐོས་གྱུར་ཏམ། །ཁོ་བོའི་ཕ་ཡི་མིང་ནི་ཟས་གཙང་ཡིན། །ཡོན་ཏན་འདོད་པས་ཁོ་བོ་དེར་རབ་བྱུང་། །མ་ག་དྷཱ་ཡི་རྒྱལ་པོས་འདི་སྐད་སྨྲས། །ཁྱོད་མཐོང་ལེགས་པར་མཐོང་སྟེ་ལེགས་པ་ལགས། །གང་ལས་ཁྱོད་སྐྱེས་བདག་ཀྱང་དེའི་སློབ་མ། །འདོད་ཆགས་བྲལ་བ་འདོད་པར་སྤྱན་དྲངས་པ། །ཐུགས་ནས་བདག་ལ་བཟོད་པ་མཛད་དུ་གསོལ། །གང་ཚེ་ཁྱོད་ཀྱིས་བྱང་ཆུབ་བརྙེས་གྱུར་ཚེ། །ཆོས་རྗེས་བདག་ལ་ཆོས་ཀྱི་བགོ་བཤའ་མཛོད། །རང་བྱུང་བདག་གི་ཡུལ་ན་བཞུགས་པ་ནི། །བདག་གིས་མཆོག་ཏུ་རྙེད་པ་རབ་རྙེད་དོ། །དེ་ནས་ཀྱང་ནི་རྐང་པར་ཕྱག་བྱས་ཏེ། །རྒྱལ་པོས་ཤིན་ཏུ་གུས་པར་བསྐོར་བྱས་ནས། །མི་དབང་རང་གི་སྐྱེ་བོས་ཡོངས་བསྐོར་ཏེ། །སླར་ཡང་རྒྱལ་པོའི་ཁབ་ཏུ་ཞུགས་པར་གྱུར། །འཇིག་རྟེན་མགོན་པོ་མ་ག་དྷཱ་ཡི་གྲོང་ཞུགས་ཏེ། །ཇི་སྲིད་འདོད་པར་ཞི་བའི་ཡིད་ཀྱིས་འདུག །ལྷ་དང་མི་རྣམས་ཀྱི་ནི་དོན་བྱས་ནས། །མི་དབང་ནཻ་རན་ཛ་ནའི་ཆུ་འགྲམ་སོང་། །གཟུགས་ཅན་སྙིང་པོ་འོངས་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་དྲུག་པའོ།། །།དགེ་སློང་དག་ཡང་དེའི་ཚེ་རངས་བྱེད་ཀྱི་བུ་ལྷག་སྤྱོད་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གནས་བཅས་ནས་སློབ་མའི་ཚོགས་ཆེན་པོ་སློབ་མ་བདུན་བརྒྱ་དང་ལྷན་ཅིག་ཏུ་གནས་ཏེ། དེ་དེ་དག་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བརྟུལ་ཞུགས་དང་འཐུན་པའི་ཆོས་སྟོན་ཏོ། །དགེ་སློང་དག་བྱང་ཆུབ་སེམས་དཔའ་རངས་བྱེད་ཀྱི་བུ་ལྷག་སྤྱོད་ཚོགས་དང་ལྡན་པ་ཚོགས་ཅན།