Degé Kangyur volume 32, F.161.a

བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ནི་སྦྱིན་གནས་སོ་ཞེས་བྱ་བར་གནས་པར་མི་བྱ་སྟེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་ལྟར་གནས་པར་མི་བྱའོ། །​ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པར་མི་བྱའོ། །​དེ་བཞིན་དུ་སྦྱར་ཏེ། ས་བཅུ་པའི་བར་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། གནས་པ་ཡོད་ན་གཡོ་བར་འགྱུར་བའི་ཕྱིར་རོ། །​གཞན་ཡང་བདག་གིས་སེམས་དང་པོ་བསྐྱེད་པ་ལ་གནས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། །​དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། །​དེ་བཞིན་དུ་སེམས་དང་པོ་བསྐྱེད་པ་ལ་གནས་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་བསྒོམ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་བསྒོམ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​བྱང་ཆུབ་སེམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-5067#UT22084-031-002-5067