Degé Kangyur volume 32, F.156.a

དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་སྦྱང་བར་བྱའོ། །​དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་སྦྱང་བར་བྱའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། འོང་བ་དང་འགྲོ་བ་མེད་པའི་ལེའུ་ཞེས་བྱ་སྟེ་བཅུ་བཞི་པའོ།​། །​།དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷའི་བུ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་དང་། ལྷན་ཅིག་ཏུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། །​སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷའི་བུ་རབ་འཐབ་བྲལ་རྣམས་དང་། ལྷའི་བུ་ཡོངས་སུ་དགའ་ལྡན་རྣམས་དང་། ལྷའི་བུ་རབ་འཕྲུལ་དགའ་རྣམས་དང་། ལྷའི་བུ་དབང་སྒྱུར་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཚངས་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ཚངས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་དང་ལྷན་ཅིག་ཏུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། །​སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་གཙང་མའི་ལྷ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་གནས་གཙང་མའི་རིས་ཀྱི་ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་དང་ལྷན་ཅིག་ཏུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། །​རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ཀྱི་འོད་དང་། དེ་བཞིན་དུ་སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། དེ་བཞིན་དུ་ཚངས་རིས་ནས་གནས་གཙང་མའི་རིས་ཀྱི་བར་གྱི་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ཀྱི་འོད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །​སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །​འབུམ་གྱི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-5057#UT22084-031-002-5057